100 Selected Stanzas from Boddhisattva's way of Life for Evaluation

བདེ་གཤེགས་ཆོས་ཀྱི་སྐུ་མངའ་སྲས་བཅས་དང་།།
ཕྱག་འོས་ཀུན་ལའང་གུས་པར་ཕྱག་འཚལ་ཏེ།།
བདེ་གཤེགས་སྲས་ཀྱི་སྡོམ་ལ་འཇུག་པ་ནི།།
ལུང་བཞིན་མདོར་བསྡུས་ནས་ནི་བརྗོད་པར་བྱ།།

དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །
སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ།།
དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ།།
དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར།།

ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན།།
གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།།
དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།།
འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་།།

དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །
སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ།།
དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ།།
དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར།།

བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི།།
ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།།
འདིས་ནི་ཚད་མེད་སྐྱེ་བོའི་ཚོགས་རྣམས་ཀྱིས།།
བདེ་མཆོག་བདེ་བླག་ཉིད་དུ་ཐོབ་པར་བྱེད།།

སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་།།
སེམས་ཅན་མི་བདེ་བསལ་བར་འདོད་པ་དང་།།
བདེ་མང་བརྒྱ་ཕྲག་སྤྱོད་པར་འདོད་པས་ཀྱང་།།
བྱང་ཆུབ་སེམས་ཉིད་རྟག་ཏུ་གཏང་མི་བྱ།།

ཕན་བཏགས་ལན་ལྡོན་གང་ཡིན་པ།།
དེ་ཡང་རེ་ཞིག་བསྔགས་འོས་ན།།
མ་བཅོལ་ལེགས་པར་བྱེད་པ་ཡི།།
བྱང་ཆུབ་སེམས་དཔའ་སྨོས་ཅི་དགོས།།

འགྲོ་བ་ཉུང་ཟད་ནར་མའི་ཟས་སྦྱོར་བ།།
སྐད་ཅིག་ཟས་ཙམ་སྦྱིན་པར་བྱེད་པ་དང་།།
བརྙས་བཅས་ཉིན་ཕྱེད་འགྲངས་པར་བྱེད་པ་ཡང་།།
དགེ་བ་བྱེད་པ་ཡིན་ཞེས་སྐྱེ་བོས་བཀུར།།

གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ།།
གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ།།
ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི།།
དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས།།

འོན་ཏེ་གང་ཞིག་ཡིད་རབ་དང་བྱེད་ན།།
དེ་ཡི་འབྲས་བུ་དེ་བས་ལྷག་པར་འཕེལ།།
རྒྱལ་སྲས་རྣམས་ལ་དོ་གལ་ཆེན་པོས་ཀྱང་།།
སྡིག་པ་མི་འབྱུང་དགེ་བ་ངང་གིས་འཕེལ།།

མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་།།
སྨན་གྱི་རྣམ་པ་གང་དག་ཡོད་པ་དང་།།
འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་།།
ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་།།

རིན་ཆེན་རི་བོ་དང་ནི་དེ་བཞིན་དུ།།
ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་།།
ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང་།།
ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང་།།

ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི།།
སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང་།།
མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང་།།
གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི།།

མཚོ་དང་རྫིང་བུ་པདྨས་བརྒྱན་པ་དག།
ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན།།
ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་ན།།
ཡོངས་སུ་གཟུང་བ་མེད་པ་དེ་དག་ཀུན།།

བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག།
སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན།།
ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས།།
བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས།།

ཐོག་མ་མེད་ལྡན་འཁོར་བ་ནས།།
ཚེ་རབས་འདི་འམ་གཞན་དག་ཏུ།།
བདག་གིས་མ་འཚལ་སྡིག་བགྱིས་པའམ།།
བགྱིད་དུ་སྩལ་བ་ཉིད་དང་ནི།།

གཏི་མུག་འཁྲུལ་པས་བདག་ནོན་ཏེ།།
རྗེས་སུ་ཡི་རངས་གང་བགྱིས་པ།།
ནོངས་པ་དེ་ནི་མཐོང་བགྱིས་ནས།།
བསམ་པ་ཐག་པས་མགོན་ལ་བཤགས།།

རྨི་ལམ་ཉམས་སུ་མྱོང་བ་བཞིན།།
དངོས་པོ་གང་དང་གང་སྤྱད་པ།།
དེ་དེ་དྲན་པའི་ཡུལ་དུ་འགྱུར།།
འདས་པ་ཐམས་ཅད་མཐོང་མི་འགྱུར།།

ད་གཡང་ས་ཐ་མལ་ཆུང་ངུ་ལའང་།།
བག་ཡོད་གནས་པར་བྱ་དགོས་ན།།
དཔག་ཚད་སྟོང་དུ་ལྷུང་བ་ཡི།།
ཡུན་རིང་གཡང་སར་སྨོས་ཅི་དགོས།།

འདྲེན་པ་རྣམས་ཀྱིས་བདག་གི་སྡིག།
ནོངས་པ་ལགས་པར་གཟུང་དུ་གསོལ།།
འདི་ནི་བཟང་པོ་མ་ལགས་པས།།
སླན་ཆད་བདག་ནི་ཡོང་མི་བགྱིད།།

བདག་གི་ལུས་ལ་རྩེ་བྱེད་དམ།།
ཅོ་འདྲི་ག་ཞའི་རྒྱུ་བྱེད་ཀྱང་།།
བདག་གི་ལུས་འདི་བྱིན་ཟིན་གྱིས།།
འདི་ཡི་ཁ་ཏས་ཅི་ཞིག་བྱ།།

དེ་ལ་གནོད་པར་མི་འགྱུར་བའི།།
ལས་གང་ཡིན་པའང་བྱེད་དུ་ཆུག།
བདག་ལ་དམིགས་ནས་ནམ་དུ་ཡང་།།
འགའ་ཡང་དོན་མེད་མ་གྱུར་ཅིག།

བདག་ལ་དམིགས་ནས་གང་དག་གི།།
ཁྲོའམ་དད་པའི་སེམས་བྱུང་ན།།
དེ་ཉིད་རྟག་ཏུ་དེ་དག་གི །
དོན་ཀུན་འགྲུབ་པའི་རྒྱུར་གྱུར་ཅིག

དེང་དུས་བདག་ཚེ་འབྲས་བུ་ཡོད།།
མི་ཡི་སྲིད་པ་ལེགས་པར་ཐོབ།།
དེ་རིང་སངས་རྒྱས་རིགས་སུ་སྐྱེས།།
སངས་རྒྱས་སྲས་སུ་བདག་དེང་གྱུར།།

ལོང་བས་ཕྱག་དར་ཕུང་པོ་ལས།།
ཇི་ལྟར་རིན་ཆེན་རྙེད་པ་ལྟར།།
དེ་བཞིན་ཇི་ཞིག་ལྟར་སྟེས་ནས།།
བྱང་ཆུབ་སེམས་འདི་བདག་ལ་སྐྱེས།།
འགྲོ་བའི་འཆི་བདག་འཇོམས་བྱེད་པའི།།
བདུད་རྩི་མཆོག་ཀྱང་འདི་ཡིན་ནོ།།
འགྲོ་བའི་དབུལ་བ་སེལ་བ་ཡི།།
མི་ཟད་གཏེར་ཡང་འདི་ཡིན་ནོ།།

འགྲོ་བའི་མི་ཤེས་རབ་རིབ་དག།
དཔྱིས་འབྱིན་ཉི་མ་ཆེན་པོ་ཡིན།།
དམ་ཆོས་འོ་མ་བསྲུབས་པ་ལས།།
མར་གྱི་ཉིང་ཁུ་བྱུང་བ་ཡིན།།

འགྲོ་བའི་མགྲོན་པོ་སྲིད་པའི་ལམ་རྒྱུ་ཞིང་།།
བདེ་བའི་ལོངས་སྤྱོད་སྤྱད་པར་འདོད་པ་ལ།།
འདི་ནི་བདེ་བའི་མཆོག་ཏུ་ཉེར་གནས་ཏེ།།
སེམས་ཅན་འགྲོན་ཆེན་ཚིམ་པར་བྱེད་པ་ཡིན།།

གླིང་དོན་གཉེར་ལ་གླིང་དང་ནི།།
མར་མེ་འདོད་ལ་མར་མེ་དང་།།
གནས་མལ་འདོད་ལ་གནས་མལ་དང་།།
བདག་ནི་ལུས་ཅན་བྲན་འདོད་པ།།
ཀུན་གྱི་བྲན་དུ་འགྱུར་བར་ཤོག།

ཡིད་བཞིན་ནོར་དང་བུམ་པ་བཟང་།།
རིག་སྔགས་གྲུབ་དང་སྨན་ཆེན་དང་།།
དཔག་བསམ་གྱི་ནི་ཤིང་དག་དང་།།
ལུས་ཅན་རྣམས་ཀྱི་འདོད་འཇོར་གྱུར།།

སངས་རྒྱས་རྣམས་དང་དེ་ཡི་སྲས།།
ཤེས་རབ་ཆེན་པོས་གང་བརྟགས་ཤིང་།།
བདག་ཉིད་ཀྱིས་ཀྱང་བརྟགས་བརྟགས་པ།།
དེ་ལ་བཤོལ་དུ་ཅི་ཞིག་ཡོད།།

དངོས་པོ་ཕལ་པ་ཅུང་ཟད་ལའང་།།
ཡིད་ཀྱིས་སྦྱིན་པར་བསམ་བྱས་ནས།།
མི་གང་སྦྱིན་པར་མི་བྱེད་པ།།
དེ་ཡང་ཡི་དྭགས་འགྱུར་གསུངས་ན།།

བླ་ན་མེད་པའི་བདེ་བ་ལ།།
བསམ་པ་ཐག་པས་མགྲོན་གཉེར་ནས།།
འགྲོ་བ་ཐམས་ཅད་བསླུ་བྱས་ན།།
བདེ་འགྲོར་ཇི་ག་འགྲོ་འགྱུར་རམ།།

ད་དུང་དེ་བཞིན་བདག་བྱེད་ན།།
ཡང་དང་ཡང་དུའང་དེ་བཞིན་ཏེ།།
ངན་འགྲོར་ནད་དང་འཆིང་བ་དང་།།
བཅད་དང་གཤེག་སོགས་མྱོང་བར་འགྱུར།།

གལ་ཏེ་བདག་གིས་དེ་རྟོགས་ནས།།
རྨོངས་པས་ཕྱིས་ཀྱང་སྒྱིད་ལུག་ན།།
འཆི་བར་འགྱུར་བའི་དུས་ཀྱི་ཚེ།།
མྱ་ངན་ཆེན་པོ་ལྡང་བར་འགྱུར།།

སྔགས་ཀྱིས་རྨོངས་པར་བྱས་པ་བཞིན།།
བདག་ལ་འདིར་སེམས་མེད་དུ་ཟད།།
ཅིས་རྨོངས་བདག་ཀྱང་མ་ཤེས་ཏེ།།
བདག་གི་ཁོང་ན་ཅི་ཞིག་ཡོད།།

ཉོན་མོངས་སྟོབས་ཅན་དགྲ་འདིས་ནི།།
གང་དང་ཕྲད་ན་རི་རབ་ཀྱང་།།
ཐལ་བ་ཡང་ནི་མི་ལུས་པ།།
དེར་བདག་སྐད་ཅིག་གཅིག་ལ་འདོར།།

དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ།།
གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ།།
བདག་གི་སྙིང་ལ་ངེས་པར་གནས་འཆའ་ན།།
འཁོར་བར་འཇིགས་མེད་དགའ་བར་ག་ལ་འགྱུར།།

དེ་ལྟར་ཇི་སྲིད་བདག་གིས་དགྲ་འདི་མངོན་སུམ་དུ།།
ངེས་པར་མ་བཅོམ་དེ་སྲིད་བདག་འདིར་བརྩོན་མི་འདོར།།
རེ་ཞིག་གནོད་བྱེད་ཆུང་ངུ་ལ་ཡང་ཁྲོས་གྱུར་པ།།
ང་རྒྱལ་བདོ་རྣམས་དེ་མ་བཅོམ་པར་གཉིད་མི་འོང་།།

རང་བཞིན་འཆི་བས་སྡུག་བསྔལ་གྱུར་པའི་ཉོན་མོངས་དག།
གཡུལ་ངོར་དངར་ཚེ་ནན་གྱིས་གཞོམ་པར་འདོད་པ་ཡང་།།
མདའ་མདུང་མཚོན་གྱིས་ཕོག་པའི་སྡུག་བསྔལ་ཁྱད་བསད་ནས།།
དོན་མ་གྲུབ་པར་ཕྱིར་ཕྱོགས་འབྱོར་བར་མི་བྱེད་ན།།

སེམས་ཀྱི་གླང་པོ་ཡན་བཏང་བས།།
མནར་མེད་གནོད་པ་བྱེད་པ་ལྟར།།
གླང་ཆེན་མ་ཐུལ་མྱོས་པ་ཡིས།།
འདི་ན་དེ་འདྲའི་གནོད་མི་བྱེད།།

སེམས་འདི་གཅིག་པུ་བཏགས་པ་ཡིས།།
དེ་དག་ཐམས་ཅད་བཏགས་པར་འགྱུར།།
སེམས་འདི་གཅིག་པུ་བཏུལ་བས་ན།།
དེ་དག་ཐམས་ཅད་ཐུལ་བར་འགྱུར།།

སེམས་གསལ་གཅིག་བསྐྱེད་འབྲས་བུ་གང་།།
ཚངས་ལ་སོགས་པ་ཡིན་པ་ལྟར།།
ལུས་ངག་བཅས་པའི་འབྲས་བུ་མང་།།
སྤྱོད་པ་ཞན་པས་དེ་ལྟ་མིན།།

བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན།།
ཡུན་རིང་དུས་སུ་སྤྱད་བྱས་ཀྱང་།།
སེམས་གཞན་གཡེངས་པས་བྱས་པ་ནི།།
དེ་ཉིད་རིག་པས་དོན་མེད་གསུངས།།

མ་གྲོལ་བའི་ཁྲོད་གནས་ན།།
བསྒྲིམས་ཏེ་རྨ་ཡི་བག་བྱེད་བཞིན།།
སྐྱེ་བོ་ངན་ཁྲོད་གནས་པས་ཀྱང་།།
སེམས་ཀྱི་རྨ་འདི་རྟག་ཏུ་བསྲུང་།།

ཤེས་བཞིན་མེད་པའི་ཆོམ་རྐུན་དག།
དྲན་པ་ཉམས་པའི་རྗེས་འབྲང་བས།།
བསོད་ནམས་དག་ནི་ཉེར་བསགས་ཀྱང་།།
རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ།།

ལམ་སོགས་འཇིགས་པ་བརྟག་པའི་ཕྱིར།།
ཡང་དང་ཡང་དུ་ཕྱོགས་བཞིར་བལྟ།།
ངལ་བསོས་ཁ་ནི་ཕྱིར་བལྟས་ནས།།
རྒྱབ་ཀྱི་ཕྱོགས་སུ་བལྟ་བར་བྱ།།

མདུན་དང་རྒྱབ་ཏུ་བརྟགས་བྱས་ནས།།
འགྲོའམ་ཡང་ན་འོང་བྱ་སྟེ།།
དེ་ལྟར་གནས་སྐབས་ཐམས་ཅད་དུ།།
དགོས་པ་ཤེས་ནས་སྤྱད་པར་བྱ།།

གང་ཕྱིར་རྟག་ཏུ་སྤྱད་པ་ནི།།
དེ་ལས་རྒྱ་ཆེར་རབ་སྟོན་པས།།
བསླབ་པ་ཀུན་ལས་བཏུས་པ་ཡང་།།
ངེས་པར་ཡང་དང་ཡང་དུ་བལྟ།།

ལུས་ཀྱིས་འདི་དག་སྤྱད་པར་བྱ།།
ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ།།
སྨན་དཔྱད་བཀླགས་པ་ཙམ་གྱིས་ནི།།
ནད་པ་དག་ལ་ཕན་འགྱུར་རམ།།

གལ་ཏེ་རང་དགས་འགྲུབ་འགྱུར་ན།།
འགའ་ཡང་སྡུག་བསྔལ་མི་འདོད་པས།།
ལུས་ཅན་དག་ནི་ཐམས་ཅད་ཀྱང་།།
སུ་ལའང་སྡུག་བསྔལ་འབྱུང་མི་འགྱུར།།

ཉོན་མོངས་སྐྱེས་པས་དེ་ལྟ་བུར།།
བདག་གསོད་ལ་སོགས་ཞུགས་པ་ལ།།
སྙིང་རྗེ་རྒྱ་ལ་མ་སྐྱེས་ན།།
ཁྲོ་བར་འགྱུར་བ་ཅིའི་ཐ་ཚིག།

གལ་ཏེ་གཞན་ལ་འཚེ་བྱེད་པ།།
བྱིས་པ་རྣམས་ཀྱི་རང་བཞིན་ནི།།
དེ་ལ་ཁྲོ་བ་མི་རིགས་ཏེ།།
སྲེག་པའི་རང་བཞིན་མེ་བཀོན་འདྲ།།

བདག་ནི་དེང་ཉིད་ཤི་ཡང་བླའི།།
ལོག་འཚོས་ཡུན་རིང་གསོན་མི་རུང་།།
བདག་ལྟ་ཡུན་རིང་གནས་གྱུར་ཀྱང་།།
འཆི་བའི་སྡུག་བསྔལ་དེ་ཉིད་ཡིན།།

གལ་ཏེ་སེམས་ཅན་ཉམས་བྱེད་པས།།
མི་སྙན་སྨྲ་ལ་ཁྲོ་ཞེ་ན།།
གཞན་ལ་མི་སྙན་བརྗོད་ལའང་ཁྱོད།།
དེ་བཞིན་ཅི་སྟེ་ཁྲོ་མི་བྱེད།།

མ་དད་གཞན་ལ་རག་ལས་པས།།
དད་པ་མེད་ལ་ཁྱོད་བཟོད་ན།།
ཉོན་མོངས་སྐྱེས་ལ་རག་ལས་པས།།
མི་སྙན་སྨྲ་ལ་ཅིས་མི་བཟོད།།

ཁྱོད་ཀྱི་དགའ་བའི་བདེ་བ་འདི།།
བདེ་འབྱུང་ཁ་ན་མ་ཐོ་མེད།།
ཡོན་ཏན་ལྡན་པ་རྣམས་ཀྱིས་གནང་།།
གཞན་སྡུད་པ་ཡི་མཆོག་ཀྱང་ཡིན།།

གཞན་ཡང་དེ་ལྟར་བདེ་འགྱུར་ཞེས།།
གལ་ཏེ་ཁྱོད་བདེ་འདི་མི་འདོད།།
གླ་རྔན་སྦྱིན་སོགས་སྤངས་པའི་ཕྱིར།།
མཐོང་དང་མ་མཐོང་ཉམས་པར་འགྱུར།།

བསྟོད་སོགས་བདག་ནི་གཡེང་བར་བྱེད།།
དེས་ནི་སྐྱོ་བའང་འཇིག་པར་བྱེད།།
ཡོན་ཏན་ལྡན་ལ་ཕྲག་དོག་དང་།།
ཕུན་སུམ་ཚོགས་པའང་འཇིག་པར་བྱེད།།

དེ་ཕྱིར་བདག་གི་བསྟོད་སོགས་ནི།།
གཞིག་ཕྱིར་གང་དག་ཉེར་གནས་པ།།
དེ་དག་བདག་ནི་ངན་སོང་དུ།།
ལྟུང་བ་བསྲུང་ཕྱིར་ཞུགས་མིན་ནམ།།

རྒྱ་ཆེ་དྲི་བཟང་བསིལ་བའི་པདྨའི་སྙིང་པོར་གནས།།
རྒྱལ་བའི་གསུང་སྙན་ཟས་ཀྱིས་གཟི་བརྗིད་བསྐྱེད་བྱས་པ།།
ཐུབ་འོད་ཀྱིས་རྒྱས་པདྨ་ལས་བྱུང་ལུས་མཆོག་ཅན།།
རྒྱལ་བའི་མདུན་གནས་བདེ་གཤེགས་སྲས་སུ་དགེ་བས་འགྱུར།།

གཤིན་རྗེའི་སྐྱེས་བུས་པགས་པ་མ་ལུས་བཤུས་པས་ཤིན་ཏུ་ཉམ་ཐག་ཅིང་།།
རབ་ཏུ་ཚ་བའི་མེ་ཡིས་བཞུས་པའི་ཟངས་ཞུན་ལུས་ལ་བླུགས་གྱུར་ལ།།
འབར་བའི་རལ་གྲི་མདུང་ཐུང་གིས་བསྣུན་ཤ་ཡི་དུམ་བུ་བརྒྱར་ལྷགས་ཤིང་།།
ཤིན་ཏུ་འབར་བའི་ལྕགས་ཀྱི་ས་གཞིར་ལྷུང་བ་མི་དགེ་མང་པོས་འགྱུར།།

སྐྱེ་བ་གཞན་དུ་དེ་གོམས་ཤིང་།།
སྡིག་དང་སྡུག་བསྔལ་འཕེལ་བར་འགྱུར།།
གཞན་དང་འབྲས་བུའི་དུས་ཀྱང་ནི།།
དམན་འགྱུར་དེ་ཡང་འགྲུབ་མི་འགྱུར།།

ཞུམ་བཅས་རྩོལ་བ་དོར་བ་ལ།།
ཕོངས་ལས་ཐར་བ་ཡོད་དམ་ཅི།།
ང་རྒྱལ་རྩོལ་བ་བསྐྱེད་པས་ནི།།
ཆེན་པོ་ཡིས་ཀྱང་ཐུབ་པར་དཀའ།།

གང་ཞིག་ང་རྒྱལ་དགྲ་ལས་རྒྱལ་ཕྱིར་ང་རྒྱལ་འཆང་།།
དེ་ནི་ཉིད་ང་རྒྱལ་ཅན་དང་རྣམ་རྒྱལ་དཔའ་དེ་ཉིད།།
གང་ཞིག་ང་རྒྱལ་དགྲ་བདོ་བ་ཡང་ངེས་པར་བཅོམ་སྟེ།།
འགྲོ་ལ་འདོད་བཞིན་རྒྱལ་བའི་འབྲས་བུ་རྫོགས་པར་བྱེད།།

བདག་ནི་བསྲེགས་ཏེ་བསད་གྱུར་ཏམ།།
བདག་གི་མགོ་བོ་བཅད་ཀྱང་སླ།།
རྣམ་པ་ཀུན་ཏུ་ཉོན་མོངས་པའི།།
དགྲ་ལ་འདུད་པར་མི་བྱའོ།།
དེ་བཞིན་གནས་སྐབས་ཐམས་ཅད་དུ།།
རིགས་པ་ལས་ནི་གཞན་མི་སྤྱད།།

ཡུངས་མར་བཀང་བའི་སྣོད་བཀུར་ལ།།
རལ་གྲི་ཐོགས་པས་དྲུང་བསྡད་དེ།།
བོ་ན་གསོད་བསྡིགས་འཇིགས་པ་ལྟར།།
བརྟུལ་ཞུགས་ཅན་གྱིས་དེ་བཞིན་སྒྲིམ།།

སྟོབས་ཉམས་པ་དང་རྗེས་འབྲེལ་ན།།
སླར་བྱའི་དོན་དུ་དོར་བར་བྱ།།
ལེགས་པར་ཟིན་ནའང་ཕྱི་མ་དང་།།
ཕྱི་མ་འདོད་པས་དེ་སྤང་བྱ།།

འཐབ་རྙིང་དགྲ་དང་ལྷན་ཅིག་ཏུ།།
གཡུལ་ངོར་རལ་ཁ་ལྷགས་པ་བཞིན།།
ཉོན་མོངས་མཚོན་ལས་གཟུར་བྱ་ཞིང་།།
ཉོན་མོངས་དགྲ་རྣམས་འཇེབས་པར་བཏགས།།

ཇི་ལྟར་རླུང་ནི་འགྲོ་བ་དང་།།
འོང་བས་ཤིང་བལ་དབང་བསྒྱུར་བ།།
དེ་བཞིན་སྤྲོ་བས་དབང་བསྒྱུར་ཏེ།།
དེ་ལྟར་ན་ནི་འགྲུབ་པར་འགྱུར།།

ལུས་དང་སེམས་ནི་དབེན་པ་ཡིས།།
རྣམ་པར་གཡེང་བ་མི་འབྱུང་ངོ་།།
དེ་བས་འཇིག་རྟེན་སྤང་བྱ་ཞིང་།།
རྣམ་པར་རྟོག་པ་ཡོངས་སུ་དོར།།

བྱིས་དང་སྐལ་བ་མཉམ་སྤྱོད་ན།།
ངེས་པར་ངན་འགྲོར་འགྲོ་འགྱུར་ཏེ།།
སྐལ་མི་མཉམ་པར་ཁྲིད་བྱེད་ན།།
བྱིས་པ་བསྟེན་པས་ཅི་ཞིག་བྱ།།

དྲུང་ན་འཁོད་པ་སུ་དག་ཀྱང་།།
མྱ་ངན་གནོད་པ་བྱེད་མེད་པས།།
འདི་ཡིས་སངས་རྒྱས་རྗེས་དྲན་སོགས།།
སུས་ཀྱང་གཡེངས་པར་འགྱུར་བ་མེད།།

དེ་བས་ཤིན་ཏུ་མདངས་དགའ་བའི།།
ནགས་ཚལ་ཚེགས་ཆུང་བདེ་སྐྱིད་ཅིང་།།
གཡེང་བ་ཐམས་ཅད་ཞི་བྱེད་པར།།
བདག་ཉིད་གཅིག་པུ་གནས་པར་བྱ།།

རུས་གོང་ཉིད་དུ་མཐོང་ནས་ནི།།
མི་འགུལ་ཡང་ནི་ཁྱོད་སྐྲག་ན།།
རོ་ལངས་བཞིན་དུ་འགའ་ཡིས་ཀྱང་།།
བསྐྱོད་པར་གྱུར་ན་ཅིས་མི་འཇིགས།།

གང་ལ་གཡོགས་ཀྱང་འདི་ཆགས་པ།།
དེ་མ་གཡོགས་ན་ཅིས་མི་འདོད།།
དེ་ལ་དགོས་པ་མེད་ན་ནི།།
གཡོགས་པ་ལ་ནི་ཅི་ཕྱིར་འཁྱུད།།

ཁྱོད་ཉིད་མི་གཙང་མང་ཡོད་པ།།
དེ་ཉིད་ལ་ཁྱོད་གཏན་སྤྱོད་ཅིང་།།
མི་གཙང་རྐྱལ་པ་གཞན་དག་ལའང་།།
མི་གཙང་བརྐམ་པས་འདོད་པར་བྱེད།།

གལ་ཏེ་རིགས་པ་མིན་ཡང་འདིར།།
བདག་ཏུ་འཛིན་པས་འཇུག་ཅེ་ན།།
བདག་གཞན་མི་རིགས་གང་ཡིན་དེ།།
ཅི་ནུས་པར་ནི་སྤང་བྱ་ཉིད།།

དེ་ལྟར་རྒྱུད་ནི་གོམས་གྱུར་པ།།
གཞན་གྱི་སྡུག་བསྔལ་ཞི་དགའ་བས།།
པདྨའི་མཚོ་རུ་ངང་པ་ལྟར།།
མནར་མེད་པར་ཡང་འཇུག་པར་འགྱུར།།

ཚུལ་ཁྲིམས་ལྟ་བ་རྒུད་སོགས་ནི།།
ཉོན་མོངས་སྟོབས་ཀྱིས་བདག་དབང་མིན།།
ཅི་ནུས་བདག་ནི་གསོ་དགོས་ཏེ།།
གནོད་པའང་བདག་གིས་དང་དུ་བླང་།།

རྣལ་འབྱོར་ཀུན་རྫོབ་ཉེས་མེད་དེ།།
འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་།།
གཞན་དུ་བུད་མེད་མི་གཙང་བར།།
དེས་རྟོགས་འཇིག་རྟེན་གྱིས་གནོད་འགྱུར།།

སྔགས་སོགས་རྣམས་ལ་ནུས་མེད་ཕྱིར།།
སྒྱུ་མའི་སེམས་ནི་འབྱུང་བ་མེད།།
སྣ་ཚོགས་རྐྱེན་ལས་བྱུང་བ་ཡི།།
སྒྱུ་མ་དེ་ཡང་སྣ་ཚོགས་ཉིད།།
རྐྱེན་གཅིག་གིས་ནི་ཀུན་ནུས་པ།།
གང་ན་ཡང་ནི་ཡོད་མ་ཡིན།།

གལ་ཏེ་རང་རིག་ཡོད་མིན་ན།།
རྣམ་ཤེས་དྲན་པར་ཇི་ལྟར་འགྱུར།།
གཞན་མྱོང་བ་དང་འབྲེལ་པ་ལས།།
དྲན་འགྱུར་བྱི་བའི་དུག་བཞིན་ནོ།།

སྒྲ་འཛིན་རང་བཞིན་གང་ཡིན་པ།།
དེ་གཟུགས་འཛིན་པར་ཇི་ལྟར་འགྱུར།།
གཅིག་ནི་ཕ་དང་བུ་ཉིད་དུ།།
བརྟགས་ཡིན་ཡང་དག་ཉིད་མིན་ཏེ།།

སེམས་ཅན་མེད་འབྲས་སུ་ཡི་ཡིན།།
བདེན་ཏེ་འོན་ཀྱང་རྨོངས་ལས་འདོད།།
སྡུག་བསྔལ་ཉེ་བར་ཞི་དོན་དུ།།
འབྲས་བུའི་རྨོངས་པ་བཟློག་མི་བྱ།།

རྩིབ་ལོགས་ལག་པའང་ལུས་མིན་ཏེ།།
མཆན་ཁུང་ཕྲག་པའང་ལུས་མ་ཡིན།།
ནང་ཁྲོལ་རྣམས་ཀྱང་དེ་མིན་ལ།།
མགོ་དང་མགྲིན་པའང་ལུས་མིན་ན།།
འདི་ལ་ལུས་ནི་གང་ཞིག་ཡིན།།

ཇི་སྲིད་རྐྱེན་ཚོགས་དེ་སྲིད་དུ།།
ལུས་ནི་མཐོ་ཡོར་སྐྱེས་བུ་ལྟར་སྣང་བ།།
དེ་བཞིན་ཇི་སྲིད་ལག་སོགས་ལ།།
དེ་ཡོད་དེ་སྲིད་དེར་ལུས་སྣང་།།

དེ་ཉིད་ཕྱིར་ན་འདི་ཡི་ནི།།
གཉེན་པོ་རྣམ་དཔྱོད་འདི་བསྒོམ་སྟེ།།
རྣམ་བརྟགས་ཞིང་ལས་བྱུང་བ་ཡི།།
བསམ་གཏན་རྣལ་འབྱོར་པ་ཡི་ཟས།།

འོན་ཏེ་ཤེས་བྱ་ལས་ཤེས་གྲུབ།།
ཤེས་བྱ་ཡོད་ལ་རྟེན་ཅི་ཡོད།།
དེ་སྟེ་ཕན་ཚུན་དབང་གིས་ཡོད།།
གཉིས་ཀ་ཡང་ནི་མེད་པར་འགྱུར།།

གལ་ཏེ་རྒྱུ་ལ་འབྲས་གནས་ན།།
ཟན་ཟ་མི་གཙང་ཟ་བར་འགྱུར།།
རས་ཀྱི་རིན་གྱིས་རས་བལ་གྱི།།
ས་བོན་ཉོས་ལ་བགོ་བར་གྱིས།།

སོལ་ཕུང་དེ་དག་ཡང་རིན་ཆེན་ཕུང་པོར་གྱུར།།
ས་བསྲེགས་ཤེལ་གྱི་ས་གཞི་བསྟར་བར་ཤོག།
བསྡུས་འཇོམས་རི་བོ་རྣམས་ཀྱང་མཆོད་པ་ཡི།།
གཞལ་མེད་ཁང་གྱུར་བདེ་གཤེགས་གང་བར་ཤོག།

མདག་མ་རྡོ་བསྲེགས་མཚོན་གྱི་ཆར་པ་དག།
དེང་ནས་བཟུང་སྟེ་མེ་ཏོག་ཆར་པར་གྱུར།།
ཕན་ཚུན་མཚོན་གྱིས་འདེབས་པ་དེ་ཡང་ནི།།
དེང་ནས་རྩེ་ཕྱིར་མེ་ཏོག་འཕེན་པར་ཤོག

གྲོགས་དག་འཇིགས་པ་བོར་ལ་རིངས་པར་ཚུར་ཤོག་འུ་བུའི་ཐད་དུ་ནི།།
གང་གི་མཐུ་ཡིས་སྡུག་བསྔལ་ཀུན་བྲལ་དགའ་བའི་ཤུགས་ཕྱིན་ལ།།
འགྲོ་བ་ཀུན་ནས་ཡོངས་སྐྱོབ་བྱང་ཆུབ་སེམས་དང་བརྩེ་བ་སྐྱེས་གྱུར་པ།།
གཞོན་ནུ་ཟུར་ཕུད་ཅན་འབར་འཇིགས་པ་མེད་པར་བྱེད་པ་ཅི་ཞིག་ཕྱིན།།

ཁྱོད་ཀྱི་ལྷ་བརྒྱའི་ཅོད་པན་དག་གིས་ཞབས་ཀྱི་པདྨོ་ལ་མཆོད་ཅིང་།།
ཐུགས་རྗེས་བརླན་སྤྱན་དབུ་ལ་མེ་ཏོག་དུ་མའི་ཚོགས་ཀྱི་ཆར་འབབ་པ།།
ཁང་བརྩེགས་ཡིད་འོང་ལྷ་མོ་སྟོང་ཕྲག་བསྟོད་དབྱངས་སྒྲོགས་པ་འདི་ལྟོས་ཞེས།།
འཇམ་དབྱངས་དེ་འདྲ་མཐོང་ནས་ད་ནི་སེམས་དམྱལ་ཀུ་ཅོ་འདོན་པར་ཤོག།

འགྲོན་པ་དག་ནི་ཐམས་ཅད་ལ།།
ཕྱོགས་རྣམས་ཐམས་ཅད་བདེ་བར་ཤོག།
གང་གི་དོན་དུ་འགྲོ་བྱེད་པ།།
དེ་འབད་མི་དགོས་འགྲུབ་གྱུར་ཅིག།

སེམས་ཅན་གཟི་བརྗིད་ཆུང་ངུ་གང་།།
དེ་དག་གཟི་བརྗིད་ཆེན་པོར་ཤོག།
དཀའ་ཐུབ་ཅན་གང་གཟུགས་ངན་པ།།
གཟུགས་བཟང་ཕུན་སུམ་ཚོགས་གྱུར་ཅིག།

འཇིག་རྟེན་བུད་མེད་ཇི་སྙེད་པ།།
དེ་དག་སྐྱེས་པ་ཉིད་གྱུར་ཅིག།
མ་རབས་རྣམས་ནི་མཐོ་ཐོབ་ཅིང་།།
ང་རྒྱལ་དག་ཀྱང་བཅོམ་པར་ཤོག།

བདག་གི་བསོད་ནམས་འདི་ཡིས་ནི།།
སེམས་ཅན་ཐམས་ཅད་མ་ལུས་པ།།
སྡིག་པ་ཐམས་ཅད་སྤངས་ནས་ནི།།
རྟག་ཏུ་དགེ་བ་བྱེད་པར་ཤོག

དཔག་བསམ་ཤིང་གི་སྐྱེད་མོས་ཚལ།།
སངས་རྒྱས་དང་ནི་སངས་རྒྱས་སྲས།།
ཆོས་སྙན་སྒྲོགས་པས་གང་བ་ཡིས།།
ཕྱོགས་རྣམས་ཐམས་ཅད་གང་བར་ཤོག།

དགེ་སློང་མ་རྣམས་རྙེད་ལྡན་ཞིང་།།
འཐབ་དང་གནོད་པ་སྤང་བར་ཤོག།
དེ་བཞིན་རབ་ཏུ་བྱུང་བ་ཀུན།།
ཚུལ་ཁྲིམས་ཉམས་པ་མེད་གྱུར་ཅིག།